༄༅། སྐུ་ཉིད་འཇར་མན་བོད་ཀྱི་རིག་གཞུང་ཚོགས་པའི་དྲྭ་རྒྱར་ཕེབས་པར་དགའ་བསུ་ཞུ།།

འཇར་མན་བོད་ཀྱི་རིག་གཞུང་ཚོགས་པ་ནི་༡༩༨༢ ལོར་འཇར་འཁོད་བོད་རིགས་ཚོགས་པས་བཙུགས་ཤིང་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་གངས་ཅན་ལྗོངས་ཀྱི་ཤེས་བྱ་རིག་གནས་ཡོངས་དང་འཇར་མན་གྱི་ཤེས་རིག་བར་ཕན་ཚུན་བརྗེས་རེས་དང་གོ་རྟོགས་གཏིང་ཟབ་ཡོང་སླད་རམ་འདེགས་ཞུ་སའི་སྟེགས་བུ་ཞིག་ཡིན།

ཚོགས་པ་དེས་ལོ་ཕྱེད་ནང་གཏམ་བཤད་ཀྱི་མཛད་རིམ་ཞིག་གཟའ་སྤེན་པ་དང་ཉིན་མ་གང་རུང་ལ་གོ་སྒྲིག་ཞུ་བཞིན་ཡོད་པ་ལས། གཏམ་བཤད་ཀྱི་བརྗོད་བྱ་གཙོ་བོ་ནི་ཁ་བའི་ལྗོངས་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཤེས་རིག་ལེགས་བྱང་། ཆོས་ལུགས་དད་མོས། ཡུལ་གོམས་གཤིས་ལུགས་ལ་སོགས་སྐོར་ཡིན་པས། རྒྱ་ཆེའི་ཐུགས་བཞེད་ཡོད་མཁན་ཀུན་ལ་གསན་བཞེད་གནང་ཐུབ་པའི་སྡེངས་ཆ་ཞིག་ཆགས་ཡོད།

འདས་པའི་ལོ་ངོ་སུམ་ཅུ་ལྷག་རིང་གཏམ་བཤད་གནང་མཁན་ཁོངས་མི་སྣ་འདྲ་མིན་སྣ་ཚོགས་གདན་ཞུ་ཞུས་ཡོད་པ་ལས་མང་ཆེ་བ་ནི་བོད་རིག་པ་སྨྲ་བ་དང་། བོད་དང་འབྲེལ་བའི་ལས་རིགས་སྣ་ཚོགས་ཀྱི་རིགས་གཅེས་རྐང་འཛིན་པ། སྙན་གྲགས་ཅན་གྱི་སྒྱུ་རྩལ་མི་སྣ། དེ་བཞིན་བོད་དུ་ལྗོངས་རྒྱུར་བསྐྱོད་མྱོང་མཁན་ལ་སོགས་ཡིན།
ཁོང་རྣམ་གྱིས་གཏམ་བཤད་དང་བགྲོ་གླེང་གནང་བ་ལས་ཀྱང་བོད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་རྣམས་ནི་འཛམ་གླིང་གི་རིག་གནས་བང་མཛོད་ནང་མེད་དུ་མི་རུང་བའི་ནོར་བུ་ཞིག་ཡིན་པར་ར་འཕྲོས་ཐུབ་བཞིན་ཡོད།

རིག་གཞུང་ཚོགས་པ་འདི་བཞིན་འཇར་མར་གྱི་ཆབ་སྲིད་ཚོགས་པ་གང་ལའང་མི་གཏོགས་པ་དང་ཁྲིམས་འཐུན་གྱིས་དེབ་སྐྱེལ་ཡོད་པའི་རིག་གཞུང་དར་འཕེལ་གྱི་ཚོགས་པ་ཞིག་ཡིན།།